Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A2
Chapter 11
ཨ་མ་དང་སྐད་ཆ་བཤད་པ།
Ama dang kächa shä-pa
Talking with My Mother
Video lesson
Watch on YouTube
Conversation
Activities
Pronunciation
English
Tip: tap a sentence to see its meaning.
བུ།
ཨ་མ་ལགས། བདེ་པོ་ཡིན་པས།
ཨ་མ།
ང་བདེ་པོ་ཡིན། ཨ་ནི། ད་ལྟ་ཁྱེད་རང་ག་རེ་བྱེད་ཀྱི་ཡོད། ས་རཱ་ལ་སྐྱིད་པོ་འདུག་གས།
བུ།
ཨ་མ་ལགས། འདི་ལ་སྐྱིད་པོ་འདུག དཔེ་སྐྱིད་པོ་འདུག ཁྱེད་རང་གིས་སེམས་ཁྲལ་མ་བྱེད་ཨ། ས་རཱ་ལ་བྱེད་སྒོ་མང་པོ་ཡོད་རེད། ཉིན་ལྟར་ས་རཱའི་བྱེད་སྒོ་དེ་ཚོ་ལ་མཉམ་ཞུགས་བྱེད་ཀྱི་ཡོད། ང་ཚོ་གཟའ་ཟླ་བ་ནས་གཟའ་པ་སངས་བར་དུ་འཛིན་གྲྭ་ཚོགས་ཀྱི་ཡོད་རེད། ཞོགས་པ་ཆུ་ཚོད་དྲུག་པ་ལ་ཏིང་ཏིང་རྡུང་གི་ཡོད་རེད། ཏིང་ཏིང་བརྡུང་ན་ཡར་ལང་དགོས་རེད། གང་ཡིན་ཟེར་ན། ཞོགས་པ་ཆུ་ཚོད་དྲུག་པ་ལ་ཞོགས་ཚོགས་ཡོད་རེད། ཞོགས་ཚོགས་སྐར་མ་བཞི་བཅུ་ཞེ་ལྔ་ཡོད་རེད། དེ་ནས། ཆུ་ཚོད་བདུན་པ་ལ་ཞོགས་ཇ་སྤྲད་ཀྱི་རེད། གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་ལ་ཞོགས་ཚོགས་ཚོགས་ཀྱི་མ་རེད། བྱས་ཙང་། ཞོགས་པ་ཆུ་ཚོད་བདུན་པ་ལ་ཡར་ལངས་ནས་ཞོགས་ཇ་འཐུང་ག་འགྲོ་ཡི་ཡོད།
ཨ་མ།
ཁྱེད་རང་གིས་ཞལ་འདོན་སྐྱོར་གྱི་ཡོད་པས།
བུ།
ངས་ཞལ་འདོན་སྐྱོར་གྱི་ཡོད། ཞོགས་པ་མཚམས་མཚམས་ནང་ལ་ཞལ་འདོན་སྐྱོར་གྱི་ཡོད། མཚམས་མཚམས་ལྷ་ཁང་ནང་ལ་ཞལ་འདོན་སྐྱོར་གྱི་ཡོད། ས་རཱ་ལ་ཐབ་ཚང་ཆེན་པོ་གཅིག་ཡོད་རེད། དེ་ལ་ཅོག་ཙེ་རིང་པོ་ཉི་ཤུ་ཙམ་དང་རྐུབ་བཀྱག་ཉིས་བརྒྱ་ལྷག་ཙམ་ཡོད་རེད། གང་ཡིན་ཟེར་ན། སློབ་ཕྲུག་དཔེ་མང་པོ་ཡོད་ཙང་རེད། ཞོགས་ཇ་བག་ལེབ་དང་ཇ་རེད། དེ་ཚོ་ཞིམ་པོ་འདུག མཚམས་མཚམས་རྩམ་པ་དང་མར་སྤྲོད་ཀྱི་རེད། ཡིན་ན་ཡང་། རྩམ་པ་དང་མར་དེ་ཙམ་ཞིམ་པོ་མི་འདུག
ཨ་མ།
ཞོགས་ཇ་ཟ་བའི་རྗེས་ལ་ཁ་ཐུག་འཛིན་གྲྭ་ཡོད་རེད་པས།
བུ།
མ་རེད། ཨ་མ་ལགས། ཞོགས་ཇ་ཟ་བའི་རྗེས་ལ་ངས་ནང་སྦྱོང་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ཚིག་གསར་པ་མང་པོ་སྦྱང་ཡ་ཡོད་རེད།
ཨ་མ།
ནང་སྦྱོང་དེ་ཚོ་གང་འདྲ་འདུག ལས་སླ་པོ་འདུག་གས།
བུ།
མི་འདུག ཨ་མ་ལགས། ནང་སྦྱོང་དེ་ཚོ་དཀའ་ལས་ཁག་པོ་འདུག ཡིན་ན་ཡང་། སྦྱངས་ན་ཤེས་ཀྱི་འདུག
ཨ་མ།
ཡ་ཡ། ཏག་ཏག་རེད། ཡག་པོ་སྦྱང་ཤོག་ཨ། ཨ་ནི། ས་རཱའི་ཉིན་གུང་ཁ་ལག་གང་འདྲ་འདུག ཆུ་ཚོད་ག་ཚོད་ལ་ཟ་ཡི་ཡོད།
བུ།
ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ལ་འཛིན་གྲྭ་གྲོལ་གྱི་ཡོད་རེད། དེ་དུས་དང་པོ་ནང་ལ་འགྲོ་ནས་སྡེར་མ་ཁྱེར་དགོས་རེད། གང་ཡིན་ཟེར་ན། ས་རཱའི་ཐབ་ཚང་ནང་ལ་སྡེར་མ་ཡོད་མ་རེད། སོ་སོས་སྡེར་མ་ཁྱེར་ནས་ཡོང་དགོས་རེད།
ཨ་མ།
ཁྱེད་རང་ཁ་ལག་སུ་དང་མཉམ་དུ་ཟ་ཡི་ཡོད།
བུ།
ཨ་མ་ལགས། ང་གྲོགས་པོ་དང་གྲོགས་མོ་མཉམ་དུ་ཁ་ལག་ཟ་ཡི་ཡོད། མཚམས་མཚམས་ང་རང་གི་ཤག་ལ་ཁ་ལག་ཁྱེར་ནས་ཟ་ཡི་ཡོད།
ཨ་མ།
ཉི་མ་རྟག་པར་ཉིན་གུང་ཁ་ལག་གཅིག་པ་རེད་པས།
བུ།
མ་རེད། ཨ་མ་ལགས། ཉིན་གུང་རྟག་པར་ཁ་ལག་གཅིག་པ་མ་རེད། གཟའ་མིག་དམར་ལ་ཆོ་མན་ཡོད་རེད། ཉི་མ་གཞན་པ་ཚང་མ་ལ་འབྲས་དང་ལྡ་ལི། ཚལ་ཡོད་རེད། ཡིན་ན་ཡང་། གཟའ་ཟླ་བ་རྟག་པར་ཤིང་ཏོག་སྤྲོད་ཀྱི་རེད།
ཨ་མ།
རེད། ཏག་ཏག་རེད། ཁྱེད་རང་ཤིང་ཏོག་ལ་དགའ་པོ་ཡོད་པ། ཤིང་ཏོག་མང་པོ་ཟ་ཡ་རག་གི་འདུག་གས།
བུ།
འདུག ཨ་མ་ལགས། ཤིང་ཏོག་ཟ་ཡ་མང་པོ་འདུག ཉིན་གུང་རྟག་པར་ས་རཱ་ལ་རྒྱ་གར་བ་གཅིག་གིས་ཤིང་ཏོག་བཙོང་ག་ཡོང་གི་ཡོད་རེད། མཚམས་མཚམས། གུང་གསེང་སྐབས་ལ་ཁྲོམ་ལ་འགྲོ་ནས་ཤིང་ཏོག་མང་པོ་ཉོ་ཡི་ཡོད། བྱས་ཙང་། ཉིན་མ་རྟག་པར་ཤིང་ཏོག་ཟ་ཡ་རག་གི་འདུག
ཨ་མ།
ས་རཱའི་སློབ་ཕྲུག་དེ་ཚོ་ཡག་པོ་འདུག་བས།
བུ།
ཡོད་རེད་ཨ་མ་ལགས། ཁོ་ཚོ་ཡག་པོ་ཡོད་རེད། ང་ཚོ་མཉམ་དུ་སྐད་ཆ་བཤད་རོགས་བྱེད་ཀྱི་ཡོད་རེད། ཡིན་ན་ཡང་། མཚམས་མཚམས། ཁོང་ཚོ་སྐད་ཆ་བཤད་ཡ་ལ་ཉོབ་ཀྱི་རེད། གང་ཡིན་ཟེར་ན། ང་ཚོས་ཉིན་མ་རྟག་པར་སྐད་ཆ་གཅིག་པ་བཤད་ཀྱི་ཡོད་ཙང་། ང་ཚོ་དང་མཉམ་དུ་སྐད་ཆ་བཤད་ཡ་ལ་ཉོབ་ཀྱི་རེད།
ཨ་མ།
ཁྱེད་ཚོས་ཉིན་མ་རྟག་པར་སྐད་ཆ་གཅིག་པ་གང་འདྲ་བཤད་ཀྱི་ཡོད།
བུ།
ཧ་ཧ། ཨ་མ་ལགས། དེ་འདྲ་རེད། ཁྱེད་རང་གི་མིང་ག་རེ་ཡིན། ལོ་ག་ཚོད་ཡིན། ཕ་ཡུལ་ག་ནས་ཡིན། འཛིན་གྲྭ་ལ་འགྲོ་ཡི་ཡོད་པས། དེ་འདྲ་རྐྱང་རྐྱང་བཤད་ཀྱི་ཡོད། བྱས་ཙང་ཁོང་ཚོ་ཉོབ་ཀྱི་ཡོད་རེད།
ཨ་མ།
ཨ་ལད། ཁོང་ཚོ་ལ་ཁག་མེད། ཉིན་མ་ཉིན་མ་ལ་ཚིག་གསར་པ་སྦྱངས་ནས་འགྲོ་ན་གང་འདྲ་འདུག
བུ།
འོ། རེད། དེ་འདྲ་བྱས་ན་ཡག་པོ་ཡོད་ས་རེད་བ། ད་ནས་བཟུང་ཉིན་མ་རྟག་པར་ཚིག་གསར་པ་དང་ཚིག་གྲུབ་གསར་པ་སྦྱངས་ནས་འགྲོ་ཡི་ཡིན། ལགས་སོ། ཐུགས་རྗེ་ཆེ་ཨ་མ་ལགས།
ཨ་མ།
ཁྱེད་རང་ཚོ་ལ་རྩེད་མོ་རྩེ་ཡ་ཡི་དུས་ཚོད་ག་དུས་ཡོད་རེད།
བུ།
ང་ཚོས་ཆུ་ཚོད་བཞི་པ་ནས་རྩེད་མོ་རྩེ་ཡ་ཡི་དུས་ཚོད་ཡོད་རེད། བུ་མང་ཆེ་བ་ལག་རྩེད་སྤོ་ལོ་རྩེད་ཐང་ལ་ལག་རྩེད་སྤོ་ལོ་རྩེ་ཡི་ཡོད་རེད། བུ་མོ་ཚོས་བྱ་སྒྲོ་མང་པོ་རྩེ་ཡི་ཡོད་རེད།
ཨ་མ།
ས་རཱ་ལ་རྐང་རྩེད་སྤོ་ལོ་རྩེ་ཡ་ཡོད་རེད་པས།
བུ།
ས་རཱ་ལ་རྐང་རྩེད་སྤོ་ལོ་ཁྱོན་ནས་རྩེ་ཡ་ཡོད་མ་རེད། རྐང་རྩེད་སྤོ་ལོ་རྩེད་ཐང་ཡང་ཡོད་མ་རེད། རྐང་རྩེད་སྤོ་ལོ་རྩེ་འདོད་ཡོད་ན་ས་རཱའི་ཕྱི་ལོགས་ལ་འགྲོ་དགོས་རེད། ས་རཱའི་ཕྱི་ལོགས་ལ་རྐང་རྩེད་སྤོ་ལོའི་རྩེད་ཐང་ཁ་ཤས་ཡོད་རེད།
ཨ་མ།
ཨ་ནི། དགོང་དྲོ་ཁ་ལག་ལ་ག་རེ་སྤྲོད་ཀྱི་འདུག
བུ།
དགོང་དྲོ་ཁ་ལག་ཆུ་ཚོད་དྲུག་པ་ལ་རེད། ཆུ་ཚོད་དྲུག་པ་ཟིན་མ་ཐག་ཏིང་ཏིང་རྡུང་གི་རེད། དེ་དུས། སློབ་ཕྲུག་ཚང་མ་ཁ་ལག་ཟ་ག་འགྲོ་དགོས་རེད། དེ་དུས་ཁ་ལག་ཟ་མ་ཐུབ་ན་ཟ་ཁང་ལ་འགྲོ་ན་ཡང་འགྲིག་གི་རེད། ཁ་ལག་མང་ཆེ་བ་འབྲས་དང་ལྡ་ལི་རེད།
ཨ་མ།
ཨ་ལད། ཟ་ཁང་ལ་ག་དུས་འགྲོ་འགྲོ་རེད་པས།
བུ།
ག་བ། ག་བ། ཟ་ཁང་ལ་ག་དུས་འགྲོ་འགྲོ་མ་རེད། དུས་ཚོད་དུས་ཚོད་ཡོད་རེད། ཉིན་གུང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ནས་ཆུ་ཚོད་གཉིས་པའི་བར་དུ་འགྲོ་ཆོག་གི་རེད། དེ་ནས་དགོང་མོ་ཆུ་ཚོད་བཞི་པ་ནས་ཆུ་ཚོད་བདུན་པ་བར་དུ་འགྲོ་ཆོག་གི་རེད། མཚན་མོ་ལ་ཡང་ཆུ་ཚོད་དགུ་པ་ནས་བཅུ་པ་བར་དུ་འགྲོ་ཆོག་གི་རེད། དེ་མིན་ན། ཟ་ཁང་དང་ས་རཱའི་ཕྱི་ལོགས་ལ་འགྲོ་ཆོག་གི་མ་རེད།
ཨ་མ།
ཡ་ཡ། བུ། སློབ་སྦྱོང་བྱེད་པའི་སྐབས་སུ་ཁ་ལག་ཀྱང་ཡག་པོ་ཟ་ཨ། དངུལ་དགོས་སོང་ན་ང་དང་པ་ལགས་ལ་ལབ་ན་འགྲིག་གི་རེད།
བུ།
ཡ་ཡ། ཨ་མ་ལགས། ད་ལྟ་ང་ལ་དངུལ་ཏོག་ཙམ་ཡོད། ཟླ་བ་གཅིག་གཉིས་འདང་ས་རེད། རྗེས་ལ་རྫོགས་ན་ལབ་ཡོང་། ཐུགས་རྗེ་ཆེ། ད་ང་ཁ་པར་བཞག་གི་ཡིན་ད། རྗེས་ལ་ཁ་པར་གཏང་ཡོང་།
ཨ་མ།
ཡ་ཡ། མཚམས་མཚམས་ཁ་པར་གཏང་ཤོག་ཨ།
Chapter 10
All chapters
Home
Stories
Reading
Curriculum
Grammar
Teachers
Articles